《持明恩師仁增塔訫所撰貝瑪才旺仁波切湼槃紀念詩》


དགྱེས་ཞལ་སྙིང་རྗེའི་འཛུམ་མདངས་མཇལ་བས་དད་པའི་དགའ་བ་སྙིང་ལ་སྟེར། འགག་མེད་མདོ་སྔགས་ཟབ་རྒྱས་དབྱངས་ཀྱིས་རྟག་ཆད་མཐའ་ལས་རབ་ཏུ་སྒྲོལ།།ཐུགས་གསང་ཐེག་རྩེའི་རྟོགས་པ་ཟབ་མོ་རྒྱལ་བའི་དགོངས་པ་ལ་རོལ་བའི།།པཎ་ཆེན་བླ་མ་པདྨ་ཚེ་དབང་ཀུན་མཁྱེན་གཉིས་པ་དད་བཞིན་དྲན།།
ལུང་རིག་འབྲུག་སྒྲ་གངས་ལྡན་མཁའ་ལ་ལྡིར།།
ཞི་བའི་རྣམ་ཐར་རྒྱལ་སྲས་སྤྱོད་པས་མཛེས།།
རྒྱས་པའི་ཕྲིན་ལས་བཀའ་ཆོས་པུ་ཏི་བརྩེགས།།
ཐུབ་པའི་བསྟན་འཛིན་པདྨ་ཚེ་དབང་དྲན།།

འཆོས་ཚུལ་ཆོས་བརྒྱད་བདག་རྟོག་རི་རྩེ་ངེས་འབྱུང་སེམས་ཀྱིས་རབ་ཏུ་གཞོམས།།
ཉིང་འཁྲུལ་གླང་སྨྱོན་འཁོར་བའི་བྱིས་པ་སྙིང་རྗེས་ཕྱག་གིས་གཡང་ལས་སྐྱོབ།།
རྟག་ཆད་གྲུབ་མཐའི་ཐ་གུས་བཅིངས་རྣམས་སྤྲོས་བྲལ་ལྟ་བས་ཀློང་ཡངས་བྱས།།
ཞི་བའི་དགེ་སྦྱོང་གསང་ཆེན་ཁྱབ་བརྡལ་རྫོགས་ཆེན་རྣམ་འབྱོར་ངེས་དོན་བཤེས།།
ཆོས་ཀྱི་བདུད་རྩི་གསུངས་རབ་ཉིང་ཁུའི་བཅུད།།
འཛད་མེད་འདོད་འཇོའི་དགའ་སྟོན་འབྱེད་པ་ལས།།
ཐུགས་དབུས་ལུང་རིག་བརྟས་པའི་ཆོས་ཀྱི་སྲས།།
ཡངས་པའི་ས་ཆེན་འགེངས་པའི་ངོ་མཚར་རྨད།།

རྒྱལ་སྲས་ཞི་བའི་སྤྱོད་པ་གཙང་མ་བླ་མའི་སྐུ་བྱིན་ལུས་ལ་ཞུགས།།
རབ་འབྱམས་འཆད་ངག་འཇམ་པའི་གསུངས་དབྱངས་བླ་མའི་མགྲིན་བྱིན་ངག་ལ་དབང་།།
ཤེས་རབ་སྙིང་རྗེ་སྟོང་རྟེན་དགོངས་དབྱིངས་བླ་མའི་ཐུགས་བྱིན་དཔལ་རྫོགས་པའི།།
མཁན་ཆེན་བླ་མའི་གསང་གསུམ་བྱིན་ཐོབ་སྒོ་གསུམ་རྡུལ་བྲལ་སྐུར་སྨིན་ཤོག།
དབྱིན་ལོ༢༠༡༦ལོའི་དབྱིན་ཟླ་༣ཚེས་པ་༤ལ་གུས་སློབ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས་བླ་མའི་འདས་མཆོད་ཀྱི་རྗེས་དྲན་ལ་ཤར་མར་བྲིས་ཏེ་ཕུལ་བའོ།།
創作者介紹
創作者 歡喜自在窩的部落格 的頭像
如雲菩提

歡喜自在窩的部落格

如雲菩提 發表在 痞客邦 留言(0) 人氣( 15 )